Kalimpong (Scattered Tibetan Comminities)

A brief story of Kalimpong Tibetan Community, West Bengal

༡༽  ༡༩༥༨ ལོའི་སྔོན་གྱི་གནས་སྟངས།

ཀ་སྦུག་ས་གནས་སུ་དེ་སྔོན་སྐྱིད་སྡུག་ཁག་ ༡༦ ཙམ་ཡོད་ལ། དེ་རྣམས་ཁག་གཉིས་སུ་འདུས་པ་དཔེར་ན། སྤན་ཅ་སྐྱིད་སྡུག་དང། ཡིད་མཐུན་སྐྱིད་སྡུག་ཅེས་པ་གཉིས་སུ་དབྱེ་ཡོད། སྔོན་འབྱོར་བ་རྣམས་ཡིད་མཐུན་སྐྱིད་སྡུག་དང་དེ་མིན་རྣམས་སྤན་ཅ་རུ་ཕྱིན། བོད་མ་ཤོར་གོང་སྤན་ཅ་སྐྱིད་སྡུག་ནི་དེ་ཁུལ་གཞུང་གིས་ཆེ་མཐོང་གནང་ཞིང། དོན་རྐྱེན་ཕྲན་བུ་རེ་བྱུང་ཚེ་ནང་འདུམ་བྱེད་ཀྱི་ཡོད་ལ། གཞན་ཡང་བོད་མིའི་ངོ་སོགས་ལ་གྲོང་སྡེ་ལས་ཁུངས་སོགས་ཀྱིས་ཆ་འཇོག་གནང་གི་ཡོད་འདུག ཡིན་ན་ཡང། སྐྱིད་སྡུག་དེ་ཚོ་ནམ་ཞིག་ཁ་འཐོར་དུ་འགྲོ་བར་ངེས་གཏན་མི་འདུག ཀ་སྦུག་ནི་བོད་མིའི་བསྟི་གནས་གལ་འགངས་ཆེ་བ་ཞིག་ཡིན་པ་དང། བོད་པའི་ཚོང་པ་ཚོ་འདུ་སྡོད་བྱེད་སའི་ལྟེ་བའང་ཆགས་ཡོད། དེ་ཡང་བོད་ནས་བལ་དང། གཡག་རྩིད། གླ་རྩི། དོམ་མཁྲིས་སོགས་འབོར་ཆེན་ཁག་ཀ་སྦུག་ཏུ་དབོར་འདྲེན་བྱེད་ཀྱི་ཡོད་ལ། ཀ་སྦུག་ནས་ཀྱང་ཐེར་མ། སོ་ཕག ཕྱི་མ་ཀ་ར། ཆུ་ཚོད། བྱུ་རུ་སོགས་མཁོ་སྒྲུབ་བྱེད་ཀྱི་ཡོད། དེ་ཡང་ཕག་རིར་བལ་ཤོ་དང་ཚ་ཤོ་སོགས་སྒོ་ཁྲལ་རྒྱག་པ་ལས་རྒྱ་གར་གྱི་ཚོང་ཟོང་ཕར་དབོར་བར་ཁྲལ་རྒྱག་སྲོལ་མེད། ལྷ་ས་དང་ཕག་རི་སོགས་སུ་རྒྱ་གར་ཀ་ལི་ཀ་ཏ་དང། ཀ་སྦུག་ཅེས་གྲགས་པ་ཆེར་རྒྱས་ཡོད་ལ་རིམ་བཞིན་ཟ་ཁང་དང་ཆང་ཁང་སོགས་ལའང་སྐད་གྲགས་རྒྱས་བཞིན་ཡོད་འདུག །།

༢༽  ཀ་སྦུག་ས་གནས་ཀྱི་གནས་བབ།

ཀ་སྦུག་ས་གནས་འདི་ནིི་རྒྱ་གར་མངའ་སྡེ་ནུབ་སྦངྒལ་གྱི་བྱང་ཕྱོགས་ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་ཡོད། ས་གནས་འདི་ནི་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊར་ ༡༢༥༠ དང། གནམ་གཤིས་ཚ་གྲངས་ ༠༢ ནས་ ༣༨ ཌིག་རི་སེལ་སེས་བར་དང། ཀ་སྦུག་གྲོང་ཁྱེར་ནས་མེ་འཁོར་ཐག་ཉེ་ཤོས་ NEW JALPAIGURI ཞེས་རྒྱང་ཚད་ཀི་ལི་མི་ཊར་ ༧༢ སར་ཡོད། དེ་བཞིན་གནམ་ཐང་ BAGDOGRA AIRPORT ཞེས་ས་གནས་ནས་ཀི་ལོ་མི་ཊར་ ༧༥ ཙམ་གྱི་སར་ཡོད་འདུག
ད་ལྟའི་ཆར་ཀ་སྦུག་ས་གནས་འགོ་འཛིན་གྱི་ཁྱབ་ཁོངས་སུ་རང་རིགས་བོད་མི་ཕལ་ཆེར་ ༢༤༣༥ ཙམ་ཞིག་ཡོད། རང་གཞུང་གིས་ཆེད་འཛུགས་གནང་བའི་ཀ་སྦུག་ས་གནས་འགོ་འཛིན་ཁྱབ་ཁོངས་སུ་ཀ་སྦུག་ཏུ་སྡོད་པ་ཁག་བརྩིས་པའི་བོད་མིའི་གནས་སྡོད་ས་ཁག་བདུན་ཡོད། ཀ་སྦུག་ནས་ཀི་ལི་མི་ཊར་ ༡༣ གྱི་སར་ཨལ་ག་ར་གྲོང་གསེབ་ཏུ་བོད་མི་ཁྱིམ་ཚང་ ༡༠ ཡོད་པ་དང། དེ་བཞིན་པེ་སྡོང་གྲོང་གསེབ་ཅེས་པ་ཀ་སྦུག་ནས་ཀི་ལོ་མི་ཊར་ ༡༧ སར་ཡོད་པ་དེར་བོད་མིའི་ཁྱིམ་ཚང་ ༧ ཙམ་དང། ཡང་ལ་སྦ་གྲོང་གསེབ་ཏུ་བོད་མི་ཁྱིམ་ཚང་ ༡༧ ཙམ་ཞིག་གནས་སྡོད་བྱས་ཡོད། དེ་རུ་ཀ་སྦུག་ནས་ཀི་ལོ་མི་ཊར་ ༣༢ ཙམ་ཡོད་འདུག གྲོང་གསེབ་འདི་ཚོའི་མིང་ལ་དུས་རྒྱུན་ཨ་ལ་པེ་གསུམ་ཞེས་འབོད་ཀྱིན་ཡོད། དེ་བཞིན་ཇ་ཡི་སྒོན་ཡང་ཀ་སྦུག་ས་གནས་ནས་ཀི་ལོ་མི་ཊར་ ༡༨༠ སར་ཡོད་པའི་ས་གནས་དེར་བོད་མི་ཁྱིམ་ཚང་ ༣༡ ཡོད་པ་དང། ས་ལུ་སྒ་ར་ཀ་སྦུག་ནས་ཀི་ལོ་མི་ཊར་ ༦༢ ཙམ་ཡོད་པ་དེར་བོད་ཁྱིམ་ ༡༥ ཙམ་དང། ཡང་སྲད་བརྒྱུད་གྲྭ་ཚང་དང་། ཀོང་སྤྲུལ་རིན་པོ་ཆེའི་དགོན་པ་གཅིག་བཅས་ཡོད། ད་དུང་དེ་གར་དུས་འཁོར་ཕོ་བྲང་དང་བོད་གཞུང་སྨན་རྩིས་ཁང་གི་ཡན་ལག་གཅིག་བཅས་ཡོད་འདུག །།

༣༽  ཀ་སྦུག་ས་གནས་འགོ་འཛིན་གྱི་བྱུང་རིམ།

ཨང་། མཚན། ལས་ཡུན།
༡། ཛ་སག་ཁེ་སྨད། ༡༩༥༩ ནས་ ༡༩༦༠
༢། རྩིས་དཔོན་རྣམ་གླིང། ༡༩༦༠ ནས་ ༡༩༦༢
༣། བཀྲིས་དཔལ་རབ། ༡༩༦༢ ནས་ ༡༩༦༣
༤། བསོད་ནམས་དང་མགོན་པོ་ཚེ་རིང། ༡༩༦༣ ནས་ ༡༩༦༤
༥། ངག་དབང་རྒྱལ་མཚན་དང་རག་ཤག་བསོད་སྟོབས། ༡༩༦༤ ནས་ ༡༩༦༥
༦། རྡོ་རྗེ་ཚེ་རིང། ༡༩༦༥ ནས་ ༡༩༧༦
༧། བློ་བཟང་ཐར་འདོད། ༡༩༧༦།༩།༢ ནས་ ༡༩༨༠།༢།༢༩
༨། ཆོས་འཕེལ་བསོད་ནམས། ༡༩༨༠།༥།༡ ནས་ ༡༩༨༡།༩།༢
༩། བྱམས་པ་ཡོན་ཏན། ༡༩༨༢།༩།༩ ནས་ ༡༩༨༦།༡༠།༡༤
༡༠། བྱམས་པ་བརྩོན་འགྲུས། ༡༩༨༦།༡༠།༡༥ ནས་ ༡༩༨༩།༨།༢༤
༡༡། དཔལ་འབྱོར། ༡༩༨༩།༩།༥ ནས་ ༡༩༩༣།༡༢།༣
༡༢། སྐལ་བཟང་དབང་ཕྱུག ༡༩༩༣།༡༢།༤ ནས་ ༡༩༩༥།༨།༨
༡༣། ལེགས་བཤད། ༡༩༩༥།༨།༩ ནས་ ༡༩༩༨།༤།༣༠
༡༤། དཔལ་ལྡན་དོན་འགྲུབ། ༡༩༩༨།༥།༡ ནས་ ༢༠༠༡།༦།༣༠
༡༥། ཀརྨ་ཆོས་དབྱིངས། ༢༠༠༡།༧།༡ ནས་ ༢༠༠༢།༧།༢༢
༡༦། ངག་དབང་ཕུན་ཚོགས། ༢༠༠༢།༧།༢༣ ནས་ ༢༠༠༤།༤།༢༣
༡༧། ཚེ་དབང་བཀྲ་ཤིས། ༢༠༠༤།༤།༢༦ ནས་ ༢༠༠༧།༤།༣
༡༨། སྐལ་བཟང་ཚེ་རིང། ༢༠༠༧།༤།༤ ནས་༢༠༠༨།༦།༣༠
༡༩། དྭང་སློབ་འགོ་འཛིན་ཟུར་པ་རྡོ་རྗེ། ༢༠༠༨།༧།༡༦ ནས་ལས་ཐོག་པ།

༤༽  ༧གོང་ས་མཆོག་ས་གནས་སུ་ཆིབས་བསྒྱུར་ཇི་བསྐྱངས་སྐོར།

ཕྱི་ལོ་ ༡༩༥༦ ལོར་སྟོན་པ་ཐུབ་པའི་དབང་པོ་སྐུ་མྱ་ངན་ལས་འདས་ནས་ལོ་ ༢༥༠༠ འཁོར་བའི་དུས་སྟོན་སྐབས་ས་གནས་སུ་ཆིབས་བསྒྱུར་གྱིས་མི་མང་ལ་གསུང་ཆོས་བཀའ་སློབ་གནང་།
ཕྱི་ལོ་ ༡༩༧༥ ལོར་ཀ་སྦུག་ཏུ་ཆིབས་བསྒྱུར་གྱིས་དུར་པིན་ཟངས་མདོག་དཔལ་རིར་མི་མང་ལ་ཐུགས་རྗེ་ཆེན་པོའི་བཀའ་དབང་དང། མ་ཎིའི་བཀའ་ལུང་སོགས་གནང་བ་མ་ཟད། བོད་གཞུང་སློབ་གྲྭར་ཕ་མའི་ཚོགས་ཆུང་གིས་གོ་སྒྲིག་འོག་མི་མང་ལ་བཀའ་སློབ་བཀའ་དྲིན་སྩལ།
ཕྱི་ལོ་ ༡༩༨༡ ལོར་ཀ་སྦུག་ཏུ་ཆིབས་བསྒྱུར་ཐེངས་གསུམ་པ་བསྐྱངས་ཏེ། ཡབ་གཞིས་སུ་བཞུགས་གནང་མཛད་པ་དང་། དུན་པིན་ཟངས་མདོག་དཔལ་རིར་མི་མང་ལ་གསུང་ཆོས་དང་བཀའ་སློབ་སྩལ།
ཕྱི་ལོ་ ༢༠༠༡ ཟླ་ ༡༡ ནང་ས་ལུ་སྒར་དུ་ཕེབས་པ་དང་སྟབས་བསྟུན་ཀ་སྦུག་ཏུ་ཆིབས་བསྒྱུར་བསྐྱངས་ཏེ་ལྭ་བ་དགོན་པར་བཞུགས་གནང་མཛད། དེ་རྗེས་ཀ་སྦུག་བོད་གཞུང་སློབ་གྲྭ་གཙོ་བྱས་ཏེ་བོད་སློབ་ཁག་དང། དགོན་སྡེ་བཅས་ལ་གཟིགས་སྐོར་དང་བཀའ་སློབ་བཀའ་དྲིན་སྩལ་ཡོད།

༥༽  ས་གནས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག

༡།    རང་བདེན་ཚོགས་ཆུང།
༢།    ས་གནས་གྲོས་ཚོགས།
༣།    དབུས་གཙང་ཚོགས་པ།
༤།    མདོ་སྟོད་ཚོགས་པ།
༥།    མདོ་སྨད་ཚོགས་པ།
༦།    གཞོན་ནུ་ལྷན་ཚོགས།
༧།    བུད་མེད་ལྷན་ཚོགས།
༨།    ལྷ་མོ་ཚོགས་པ།
༩།    གངས་ལྗོངས་ཟློས་གར་ཚོགས་པ།
༡༠།    བོད་མིའི་བསྟི་གནས་མ་ཎི་ལྷ་ཁང་བཅས།།

༦༽  ས་གནས་སློབ་གྲྭ

༡།    འཕགས་བོད་ནང་པའི་རིག་གནས་སློབ་གཉེར་ཁང།
༢།    ཀ་སྦུག་གཏན་ཉིན་སློབ་གྲྭ་བཅས།།

༧༽  ས་གནས་ཆོས་སྡེ་ཁག

༡།    དཔལ་ལྡན་སྲད་རྒྱུད་གྲྭ་ཚང།
༢།    ཟེ་དཀར་ཆོས་སྡེ།
༣།    ས་སྐྱ་དགོན།

༨༽  ས་གནས་རྒས་གསོ་ཁང།

རྒས་གསོ་ཁང་འདི་བཞིན་ཕྱི་ལོ་ ༢༠༠༦།༡༢།༧ ཉིན་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་གསུམ་པའི་དྲན་གསོའི་དུས་དྲན་ཐེངས་ ༡༡ པ་དང་ཆབས་ཅིག་མཛད་སྒོ་དབུ་འཛུགས་གནང། རྒས་གསོ་ཁང་འདི་བཞིན་རང་འཚོ་དཀའ་བའི་རྒས་འཁོགས་ཙམ་མ་ཡིན་པར་སྐྱབས་མེད་དགོན་མེད་ཀྱི་བྱིས་པ་ཁག་ལའང་བདག་སྐྱོང་བྱེད་བཞིན་ཡོད།
རྒས་གསོ་ཁང་འདིའི་ནང་བརྒྱ་ཆ་ ༦༦ ནང་པ་དང། བརྒྱ་ཆ་ ༢༨ ཧིན་དྷུ། རྒྱ་ཆ་ ༦ ཡི་ཤུ་ཆོས་ལུགས་པ་བཅས་ཡིན་འདུག རྒས་འཁོགས་བརྒྱ་ཆ་ ༦༥ ནང་མི་ཁ་བྲལ་བ་དང་འབྲེལ་ལམ་མེད་པ་དག་ཡིན། བརྒྱ་ཆ་ ༢༡ ནང་མིས་ཕྱིར་འབུད་བཏང་བ། བརྒྱ་ཆ་ ༡༤ ཁེར་རྐྱང་ཁོ་ན་ཡིན་འདུག་པ་བཅས།། །།

Please visit the separate listings for settlements in Nepal and Bhutan.

go