Scattered Tibetans around Kathmandu & Swayambunath

A brief story of scattered Tibetans Communities around Kathmandu & Swayambunath

The famouse ancient Swayambunath Stupa. You can see steeps steps of the stupa obscured by trees.

ཀ༽ བལ་ཡུལ་དུ་ཐོག་མར་སླེབས་སྟངས་སྐོར།

རིམ་བཞིན་ཁ་འཐོར་ཁག་ལ་གཞིས་ཆགས་བཙུགས་པ་སོགས་ཀྱིས་མི་མང་གི་འཚོ་བའི་དཀའ་ངལ་ཡང་གང་ལ་གང་འཚམས་སེལ་ཐུབ་པ་བྱུང་ཞིང། རང་རང་ས་ཁང་ཉོ་སྒྲུབ་དང་གནང་སྤོ་བྱས་ཏེ་མི་འབོར་ཉུང་དུ་སོང་ཡོད་སྟབས་ད་བར་མི་འབོར་རྒྱལ་སའི་འོག་རོབ་རྩིས་བྱས་ན་ ༧༧༢ དང་འཕགས་པ་ཤིང་ཀུན་ལ་ ༡༧༦༧ བཅས་ཁྱོན་བསྡོམས་གྲངས་ ༢༥༣༩ ཡོད། རྒྱལ་ས་དང་འཕགས་པ་ཤིང་ཀུན་ས་གནས་འགོ་འཛིན་འདི་ནི་ཕྱི་ལོ་ ༢༠༠༦ ཟླ་ ༦ ཚེས་ ༣༠ ཉིན་དངོས་སུ་ཟུར་འཛུགས་བྱས་ནས་ད་བར་ལོ་གཉིས་དང་ལྔ་ལྷག་འགྲོ་བཞིན་ཡོད། དེའི་སྔ་རོལ་དུ་བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་ནས་ཐད་ཀར་འཛིན་སྐྱོང་གནང་ཡོད། བལ་ཡུལ་ནང་ས་གནས་འགོ་འཛིན་འདི་ནི་གསར་ཤོས་དེ་ཡིན། བོད་མི་གནས་སྡོད་བྱས་པའི་ས་གནས་འདི་གཉིས་ཀྱི་འགོ་འཛིན་ལས་ཁུངས་ཚུགས་ཡུལ་ནི་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུ་རྒྱལ་སའི་དཀྱིལ་ན་ལ་ཛིམ་པཊི་ཞེས་པ་བལ་ཡུལ་དོན་གཅོད་ཁང་གི་ཁང་མིག་གཅིག་ནང་སྔ་གཡར་བྱས་ཏེ་ལས་ཁུངས་ཚུགས་ཡོད་པ་ལས་རང་བདག་མཁར་དབང་ལས་ཁུངས་། ལས་ཤག ཚོགས་ཁང། མི་མང་སྡོད་གནས་སོགས་གང་ཡང་མེད།

ས་ཁུལ་འདི་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊར་ ༢༧༠༠ ནས་ ༣༠༠༠ བར་དང། དབྱར་དུས་ཚ་ཚད་ ༢༢ ནས་ ༣༧ བར། དགུན་དུས་གྲང་ཚད་ ༡༢ ནང་ ༡༥ བར་ཡིན། འགོ་འཛིན་ཁྱབས་ཁོངས་སུ་ས་འཐུས་དང་རང་ཚོགས་སྒྲིག་འཛུགས་སོགས་ས་གནས་སོ་སོར་ལོགས་སུ་ཡོད།

ཁ༽ ཁ་འཐོར་མི་མང་གི་གནས་སྟངས།

ས་གནས་འདིར་ཁ་འཐོར་མི་མང་ཐོག་མར་གནས་སྡོད་བྱེད་དུས་ས་གནས་གཞུང་ནང་ས་ཁང་གནང་བ་བྱུང་མེད་ཀྱང་རྒྱ་གྲམ་དམར་པོ་ཚོགས་པ་ནས་ས་ཆ་སྤུས་གཟིགས་ཀྱིས་རྗེས་སུ་ཚོགས་པ་ཁུ་བསྡུས་གནང་སྐབས་བལ་ཡུལ་རྒྱ་གྲམ་དམར་པོར་རྩིས་སྤྲོད་བྱས་ཏེ་དུས་ཡུན་རིང་པོ་སོང་རྗེས་ད་ཡོད་ཁང་པ་དམར་པོ་ཟེར་བ་འདི་ཕྱི་ལོ་ ༡༩༧༥ ལོ་ཙམ་ནང་བོད་མི་སྐྱབས་བཅོལ་པའི་ཆེད་དུ་གནང་ཡོད་ཀྱང་བགོ་སྤྲོད་སྐབས་དམིགས་ཡུལ་གཞིར་བཟུང་མ་བྱུང་བའི་གླེང་རྙོག་མང་ཙམ་བྱུང་ཡོད་འདུག

སྐབས་དེར་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་མང་ཆེ་བ་རུམ་གདན་བཟོ་གྲྭའི་ལས་མི་དང་། རིམ་བཞིན་ཚོང་ཙག་ཙིག་རྒྱག་པ་སོགས་བྱས་ཏེ་རང་འཚོར་གནས་ཐུབ་པ་བྱས་འདུག དེང་སྐབས་ཚོང་འབྲེལ་རང་ཡིན་པ་ལས་ཁ་འཐོར་ལ་ས་ཆ་གང་ཡང་མེད་པས་ཞིང་ཁ་ཐོན་སྐྱེད་སོགས་ཀྱི་ཡོང་ཁུངས་གང་ཡང་མེད། ས་གནས་འདིར་ཐོག་མར་སྒེར་ཁྱིམ་འགའ་ཤས་ནས་འགོ་འཛུགས་ཀྱིས་ད་ཆ་ ༢༠༠༨།༣།༣༡ བར་མི་འབོར་རིབ་རྩིས་ ༢༥༣༩ ཙམ་ཡོད།

ག༽ ས་གནས་ཚོགས་པ་སྐྱིད་སྡུག་ཁག

འདི་གར་ས་གནས་གྲོས་ཚོགས་དང་རང་བདེན་ཚོགས་ཆུང་སོགས་སྤྱི་མཚུངས་སུ་ཡོད་པ་ལས་དེ་མིན་ཚོགས་སྐྱིད་མང་པོ་ཡོད་པ་ཁ་འཐོར་གྱི་གནས་སྟངས་ཤིག་ཆགས་ཡོད་སྟབས་ངེས་གཏན་གྱི་ལོ་རྒྱུས་རྙེད་སོན་བྱུང་མེད།

ང༽ ས་གནས་རྒས་གསོ་ཁང་གི་སྐོར།

ས་གནས་སུ་རྒས་གསོ་ཁང་ཆེ་ཆུང་གཉིས་ཡོད་པ་ལས་ཆེ་བ་དེ་ས་གནས་བུད་མེད་ཚོགས་པ་ནས་འཛིན་སྐྱོང་གནང་བཞིན་རྒས་འཁོགས་ཕོ་མི་གྲངས་ ༥༠ ལྷག་ཙམ་དང། ཆུང་བ་དེ་ནང་ཆེན་ཉེར་ལྔ་ནས་འཛིན་སྐྱོང་གནང་བཞིན་དེར་མི་གྲངས་ ༡༠ ལྷག་ཡོད་འདུག

ཅ༽ ས་གནས་མཉམ་འབྲེལ་སྐོར།

ད་ལྟའི་ཆར་མི་མང་མཉམ་འབྲེལ་མེད་ཀྱང་ཕྱི་ལོ་ ༡༩༧༢ ནང་ཆིག་སྒྲིལ་ཚོགས་པ་དང་གློ་སྒྲིག་མཉམ་མཐུན་ཐོག་རུམ་གདན་བཟོ་གྲྭ་ཞིག་ཆེད་འཛུགས་ཞུས་པ་ཕྱི་ལོ་ ༡༩༨༠ བར་འཛིན་སྐྱོང་ཞུས་རིང་ས་གནས་བོད་མིར་འཚོ་ལས་དང་སྤྱི་ཚོགས་བདེ་དོན་། ཁྱད་པར་དུ་བོད་ནས་གསར་འབྱོར་པ་རྣམས་ལ་འཕྲལ་སེལ་འཚོ་ལས་སྤྲད་པ་དང། བལ་དོན་ཁང་དུ་སྣུམ་འཁོར་གསར་ཉོའི་ཆེད་ཞལ་འདེབས་སྒོར་ཆིག་འབུམ་ཕུལ་བ་སོགས་ཕན་ཐོགས་གང་ལེགས་བྱུང་ཡོད།

རྗེས་སུ་ཁ་འཐོར་སྐབས་ཆིག་སྒྲིལ་ཚོགས་པའི་ཕྱེད་འབབ་ནང་སྲིད་ནས་བཀའ་འཁྲོལ་ཐོབ་སྟེ་འཇོ་ཁེལ་བཟོ་གྲྭར་སྦྱར་ནས་དེའི་འགོ་འཛིན་ཆོས་འབྱོར་དཔལ་ལྡན་ལགས་འཇོ་ཁེལ་མཉམ་ལས་དང། ཆིག་སྒྲིལ་ཚོགས་པའི་བཟོ་འགོ་གཅིག་ལྕོགས་བསྐོ་རྫོང་ལྟར་ལས་དོན་གནང་ཡང་བྱ་བ་ཚགས་ཚུད་བྱུང་མིན་དབང་གིས་ཆིག་སྒྲིལ་ཚོགས་པའི་ཕྱེད་འབབ་ལ་གྱོང་གུན་ཐེབས་པའི་གནས་ཚུལ་བྱུང་ཡོད་འདུག།།

ཆ༽ སྣེ་ལེན་ཁང།

དེ་ཡང་བོད་ནས་གསར་དུ་འབྱོར་བར་དམིགས་ཏེ་སྣེ་ལེན་ཁང་ཞིག་ཡོད་པ་དེའི་འགྲོ་སོང་ཆ་ཚང་རྒྱལ་སྤྱི་ནས་བལ་ཡུལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་བརྒྱུད་གནང་བཞིན་ཡོད། སྣེ་ལེན་ཁང་འདིས་བོད་རིགས་གསར་འབྱོར་བ་རྣམས་ལ་གང་ལེགས་ཀྱིས་སྣེ་ལེན་བྱས་ཏེ། རྒྱ་གར་དུ་རིམ་གཏོང་སོགས་ལས་འགན་གང་ཡོད་ལ་འབད་བརྩོན་བྱེད་བཞིན་ཡོད།

ཇ༽ ས་གནས་དགོན་སྡེ་ཁག

ཀ༽དགའ་ལྡན་བྱམས་མགོན་གླིང།
ཁ༽འོད་ཐུགས་རྗེ་ཆོས་གླིང།
ག༽གཉའ་ནང་འཕེལ་རྒྱས་གླིང།
ང༽སྐྱིད་གྲོང་ཐུགས་རྗེ་ཆོས་གླིང་བཙུན་དགོན།
ཅ༽པཎ་ཆེན་ཕུན་ཚོགས་དར་རྒྱས་གླིང་།
ཆ༽སྒྲོལ་མ་ལྷ་ཁང།
ཇ༽ལྷུན་གྲུབ་ཆོས་གླིང་བཅས།།

ཉ༽ ས་གནས་སློབ་གྲྭ་དང་སྨན་ཁང་སྐོར།

༡། རྣམ་རྒྱལ་འབྲིང་རིམ་སློབ་གྲྭ

ཐོག་མར་འཕགས་ཤིང་ཁུལ་གནས་བཙན་བྱོལ་བོད་མིའི་བུ་ཕྲུག་འགའ་གནས་མཆོག་འཕགས་པ་ཤིང་ཀུན་གྱི་ནུབ་ངོས་ནས་དབུ་རྩེར་ཕེབས་ལམ་གྱི་འགྲེམ་སྟོན་ཁང་གི་འཁྲིས་སུ་ཡོད་པའི་ཉིན་སློབ་ནང་བོད་ཕྲུག་རྣམས་ཀྱི་སློབ་གཉེར་གནང་འདུག དེ་རྗེས་ཕྱི་ལོ་ ༡༩༨༡ ཙམ་ལ་འཕགས་པ་ཤིང་ཀུན་གྱི་ལྷི་ངོས་ནས་བྱ་རྒོད་ཕུང་པོ་རིའི་རྩེར་རྣམ་རྒྱལ་སློབ་གྲྭ་ཞེས་པ་འདི་རང་གཞུང་ཤེས་རིག་ལས་ཁུངས་ནས་གསར་འཛུགས་གནང། སློབ་གྲྭ་འདི་ནས་སློབ་མཐར་སོན་པ་ཁག་བལ་གཞུང་སློབ་གྲྭ་ཁག་དང། དེ་མིན་རྒྱ་གར་ནང་ཆེད་གཏོང་གནང་འདུག ཡང་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་མཛད་ཇུས་བཞིན་གནས་མཆོག་འཕགས་པ་ཤིང་ཀུན་གྱི་ནུབ་བྱང་དུ་ཡོད་པའི་ཨི་ཅང་ཀུ་ཞེས་པའི་ས་གནས་སུ་ཕྱི་ལོ་ ༡༩༩༧ ལོ་ཙམ་ནང་རྣམ་རྒྱལ་འབྲིང་རིམ་སློབ་གྲྭ་རྒྱ་བསྐྱེད་བྱས། འཛིན་གྲྭ་བརྒྱད་པ་ཐོན་རྗེས་རྣམ་རྒྱལ་མཐོ་སློབ་དུ་གཏོང་བཞིན་ཡོད། སློབ་ཡོན་སོགས་འགྲོ་སོང་སློབ་གྲྭའི་ལས་ཁུངས་ནས་ཐབས་ཤེས་གནང་བཞིན་པ་དང་འཕྲོས་གངས་སེང་ཚོགས་པ་ནས་རོགས་རམ་གནང་བཞིན་ཡོད།

༢། ས་གནས་སྨན་ཁང།

དེ་སྔ་ཕྱི་ལོ་ ༡༩༧༥ ལོ་ནས་ ༡༩༨༠ བར་བདེ་ལེགས་སྨན་ཁང་གི་ཡན་ལག་སྨན་ཁང་ཞིག་ཆེད་འཛུགས་གནང་བ་གཙོ་བོ་གློ་ནད་ཀྲི་སྦི་སྨན་ཁང་ཞིག་ཡོད་པ་མང་ཚོགས་ལ་ཕན་ཐོགས་གང་ལེགས་བྱུང་ཡོད་མོད། རྗེས་སུ་སྒོ་བརྒྱབ་ཟིན་པས་དེ་ནས་ས་གནས་འདིར་སྨན་ཁང་འདི་ཡིན་མེད་པ་དང། སྐབས་དེའི་སྨན་པ་ཚེ་རིང་ལགས་ད་ལྟ་མཆོད་རྟེན་དུ་ཡོད། ས་གནས་འདིར་ཡོད་པའི་སྡེ་ཚན་མང་པོ་ཞིག་གི་འཛིན་སྐྱོང་ནི་སྒེར་བདག་ནས་གནང་བཞིན་པ་ལས་འགོ་འཛིན་ལས་ཁུངས་ཀྱིས་ཐད་ཀར་འཛིན་སྐྱོང་ལ་ཐེ་ཇུས་གནང་སྲོལ་སྔོན་མ་ནས་མེད་པ་ཡིན་འདུག །།


go