༄༅། །བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་ལས་ཁུངས་ཁག་ནས་ད་བར་རྒྱ་ནག་ཝུ་ཧན་ཏོག་དབྱིབས་གཉན་རིམ་ ༡༩ (COVID-19) སྔོན་འགོག་ལས་དོན་དང་མཐུན་རྐྱེན་ཇི་ཞུས་གནས་བསྡུས།

 ༄༅། །བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་ལས་ཁུངས་ཁག་ནས་ད་བར་རྒྱ་ནག་ཝུ་ཧན་ཏོག་དབྱིབས་གཉན་རིམ་ ༡༩ (COVID-19) སྔོན་འགོག་ལས་དོན་དང་མཐུན་རྐྱེན་ཇི་ཞུས་གནས་བསྡུས།

༸དཔལ་ལྡན་བཀའ་དྲུང་ཡིག་ཚང་ནས་ནད་ཡམས་སྔོན་འགོག་གནང་ཕྱོགས་དང་འབྲེལ་བའི་སྔ་རྗེས་འཛིན་སྐྱོང་ཕེབས་པ་ཁག་དང་། དེ་བཞིན་འདི་ནས་སྔ་རྗེས་བཀོད་ཁྱབ་ཐེངས་བདུན་ཙམ་ཁྱབ་ཁོངས་ས་གནས་འགོ་འཛིན་ལས་ཁུངས་ཁག་ལ་དུས་ཐོག་ཁུངས་ཁྱབ་ཞུས་ཡོད།
ལས་ཁུངས་དང་གཞིས་ཆགས་ཁག་ནང་དུག་སེལ་གྱི་ལས་དོན་བདུན་རེའམ་བདུན་གཉིས་རེ་མཚམས་སྤེལ་དང་སྤེལ་མུས་ཡོད།
ལས་ཁུངས་ནང་དང་། རང་ཁྱིམ་སོ་སོའི་ནང་ལག་སྲིན་སེལ་བྱེད་ (Hand Sanitize) མཐུན་རྐྱེན་ཡོད་པ་བཞིན་བཀོལ་སྤྱོད་བྱ་མུས་སུ་ཡོད།
ས་འགོ་རྣམས་ནས་འགན་ཁུར་གྱིས་མང་ཚོགས་ལ་དུས་ནས་དུས་སུ་ཏོག་དབྱིབས་སྔོན་འགོག་དང་འབྲེལ་བའི་གོ་རྟོགས་དང་། ལྷག་པར་དུ་རྒྱ་གར་དབུས་དང་མངའ་གཞུང་། བོད་མིའི་སྒྲིག་འཛུགས་དཔལ་ལྡན་བཀའ་དྲུང་ཡིག་ཚང་བཅས་ཀྱི་འཛིན་སྐྱོང་བཀོད་ཁྱབ་ཇི་ཕེབས་ཁག་ལག་བསྟར་དགོས་པའི་གསལ་བསྒྲགས་གནང་མུས་སུ་ཡོད།
ས་གནས་སོ་སོའི་གནས་སྟངས་དང་མཐུན་རྐྱེན་ལ་གཞིགས་པའི་ནད་པ་འོར་འདྲེན་གྱི་སྣུམ་འཁོར་གྲ་སྒྲིག་ཡོད། གཞིས་ཁག་ནང་ནད་མནར་དེ་རིགས་བྱུང་ཚེ་གནས་ཡུལ་མངའ་སྡེ་སོ་སོའི་བསྟེན་གཏུག་བྱ་ཡུལ་སྨན་ཁང་ནས་མཐུན་འགྱུར་བྱ་རྒྱུའི་ཞལ་བཞེས་བྱུང་ཡོད་པ་དང་། འབྲེལ་ཆགས་སྨན་ཁང་གི་སྨན་པ་དང་སྨན་ཞབས་པ་བཅས་ཀྱི་ཞལ་དཔར་ཨང་གྲངས་ལེན་གནང་བྱུང་ཡོད།
ས་གནས་ཚང་མའི་ནང་ཟུར་བཀག་བྱ་ཡུལ་སྡོད་ཁང་དང་། དེའི་ནང་གི་དགོས་མཁོའི་ཉེན་སྲུང་ཡོ་ཆས་ (PPE) དང་ལྟ་རྟོག་པ་བཅས་ཡོད།
ས་གནས་ཁག་རེ་བཟུང་ནང་གནས་ཡུལ་གཞུང་ནས་གོ་སྒྲིག་གནང་བའི་ནད་པ་ཟུར་བཀག་བྱེད་སའི་སྨན་ཁང་ཡོད་འདུག
མངའ་སྡེ་གཞུང་དང་རྫོང་གི་ཛ་དྲག་འབྲེལ་གཏུག་ཨང་གྲངས་ Helpline number ལེན་གནང་བྱུང་ཡོད།
ས་གནས་སོ་སོའི་ནང་ཛ་དྲག་ཏོག་དབྱིབས་སྔོན་འགོག་ཚོགས་ཆུང་ཡོད་མུས་ཐོག་དབུས་ནས་ལམ་སྟོན་ཇི་ཕེབས་བཞིན་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་མུས་སུ་ཡོད།
༡༠
རྒྱ་གར་རྒྱལ་ཡོངས་ཐེམ་སྤང་བཀའ་རྒྱའི་དུས་ཡུན་དེའི་ནང་གཞིས་མི་ཉམ་ཐག་དང་ས་གནས་ཀྱི་ཉེ་འཁྲིའི་དབུལ་ཕོངས་དག་ལ་བཟའ་བཅའ་མཐུན་འགྱུར་གནང་དགོས་པའི་འདི་ནས་འཛིན་སྐྱོང་བཀོད་ཁྱབ་སོང་དོན་བཞིན། ཁྱབ་ཁོངས་ས་གནས་འགོ་འཛིན་སོ་སོའི་སྣེ་ཁྲིད་འོག་དགོན་སྡེ་གྲྭ་ཚང་དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་བཅས་ནས་ད་བར་ཁྱོན་གཞིས་མི་ཉམ་ཐག་ ༢༨༧༩ ཙམ་དང་ཡུལ་མི་འཁོས་ཞན་ཉམ་ཐག་ ༩༢༥༨ ལྷག་ལ་བཟའ་བཅའ་རིགས་འབྲས་དང་། རྡལ།  གྲོ་ཞིབ། ཟ་སྣུམ། ཚ། མར། སྔོ་ཚལ། དེ་བཞིན་ཉེན་སྲུང་ཡོ་ཆས་སོགས་ཀྱི་མཐུན་འགྱུར་རྒྱ་གང་ཆེ་ཞུས་ཡོད་པ་དང་། ད་དུང་ཞུ་མུས་ཡིན།
༡༡
དཔལ་ལྡན་བཀའ་དྲུང་ཡིག་ཚང་གི་འཛིན་སྐྱོང་བཀོད་ཁྱབ་དགོངས་དོན། རྒྱ་གར་སྲིད་བློན་མཆོག་དང་མངའ་སྡེ་སོ་སོའི་སྤྱི་ཁྱབ་བློན་ཆེན་གཉིས་ཀྱི་ངལ་སེལ་ཐེབས་རྩ་ཕན་པར་ཁྱབ་ཁོངས་སོ་སོའི་མང་ཚོགས་ནས་ཞལ་འདེབས་བསྡུ་རུབ་ཀྱིས་གོང་གསལ་ཐེབས་རྩའི་མཚན་ཐོག་ཞལ་འདེབས་ད་བར་ཕུལ་འབྱོར་བྱུང་བ་ཧིན་སྒོར་ ༣༨,༧༢༩,༤༨༦ བྱུང་ཡོད་པ་དང་། ས་གནས་རེ་བཟུང་ནས་འབུལ་བསྡད་ཆགས་ཡོད།
༡༢
ས་གནས་འགོ་འཛིན་དང་། འཕྲོད་ལས་པ། ཛ་དྲག་ཚོགས་ཆུང་བཅས་ནས་ལས་དོན་ནུས་པ་མཉམ་སྤུངས་ཞུས་པའི་ཉེར་ལེན་གྱིས་ད་བར་གཞིས་ཆགས་ཁག་ནང་ཏོག་དབྱིབས་གཉན་རིམ་ ༡༩ འགོས་པའི་གཞིས་མི་གཅིག་ཀྱང་མེད་པ་དང་། མ་འོངས་མི་ཡོང་ཆེད་འདི་ནས་སྐབས་འཕྲལ་སོ་སོར་ས་གནས་འགོ་འཛིན་ཡོངས་ལ་བཀའ་མངས་དམ་དོན་ཞུ་རྒྱུ།
༡༣
ད་ལྟའི་གཉན་འཕྲང་ཅན་གྱི་དུས་ཚོད་ནང་གཞིས་མི་ནང་ནས་འ་ཆད་འུ་ཐུག་དང་། ཁ་ཚ་དགོས་གཏུག་གི་དགོས་ངེས་མཐུན་འགྱུར་ཞུ་དགོས་རིགས་ལ་འདི་ནས་ས་གནས་སོ་སོའི་ཛ་དྲག་ངལ་སེལ་རྩིས་འགོ་ནས་འགྲོ་གྲོན་མཐུན་འགྱུར་དགོས་པའི་ཁུངས་ཁྱབ་ཀྱིས་དེར་བསྟུན་མཐུན་འགྱུར་གྱི་ལས་གཞི་སྤེལ་མུས་སུ་ཡོད།
༡༤
ཕྱི་རྒྱལ་མི་སེར་ཡིན་པ་ད་ལྟའི་ཆར་གཞིས་ཁག་ནང་གནས་སྡོད་བྱ་བཞིན་ཡོད་པ་རྣམས་ཀྱི་ཐོ་གཞུང་ཞིབ་ཕྲ་ས་གནས་འགོ་འཛིན་བརྒྱུད་ལེན་གནང་གིས་འབྲེལ་ཡོད་ལས་ཁུངས་ཁག་ལ་བཏང་ཐུབ་པ་བྱུང་ཡོད།
༡༥
བལ་ཡུལ་དོན་གཅོད་དབུ་བཞུགས་ཐོག་བལ་ཡུལ་ཁུལ་ས་གནས་འགོ་འཛིན་དང་འདི་གའི་འབྲེལ་ལས་བཅས་དྲྭ་ཐོག་ (Viber) བརྒྱུད་ཁུངས་སོ་སོ་ནས་ཏོག་དབྱིབས་ནད་ཡམས་སྔོན་འགོག་ལས་དོན་ཇི་ཞུས་དང་། གདོང་ལེན་ཞུ་ཕྱོགས། མ་འོངས་གནང་ཕྱོགས་བཅས་ཀྱི་སྐོར་བཀའ་བསྡུར་གྱིས་འབྲེལ་ལས་པ་ནས་ཚོགས་འདུའི་ཚིག་ཐོ་འགོད་བཞིན་ཡོད། ཚིག་ཐོའི་ནང་གནད་ཆེའི་དོན་གནད་ཁག་དཔལ་ལྡན་བཀའ་དྲུང་ཡིག་ཚང་དུ་སྙན་གསན་ཞུ་བཞིན་ཡོད།
༡༦
གཞིས་ཁག་སོ་སོའི་ནང་ཉིན་གཉིས་སམ་བདུན་ཕྲག་རེའི་ནང་གཞིས་མི་རྣམས་ལ་ཚ་བ་བརྟག་དཔྱད་དང་། ལས་ཁུངས་དང་གཞིས་ཆགས་བཅས་ཀྱི་ནང་དུག་སེལ་ལས་གཞི་སྤེལ་མུས་སུ་ཡོད།
༡༧
དབུས་ལ་ཛ་དྲག་ཚོགས་ཆུང་ཟུར་འཛུགས་ཡོད་པར་ལྟར་ས་གནས་སོ་སོའི་ནང་དེ་བཞིན་གྱི་ཛ་དྲག་ཚོགས་ཆུང་ཡོད། ཚོགས་ཆུང་གི་ཚོགས་མི་རྣམས་ནས་འགན་ཁུར་རྐང་བཞེས་ཀྱིས་སྔོན་འགོག་ལས་དོན་སྤེལ་མུས་ཡོད། ཚོགས་ཆུང་གི་ལས་དོན་དང་འབྲེལ་བའི་བཀའ་བསྡུར་གནང་སྒོ་ཁག་ (Whatsapp Group) ནང་གནང་བཞིན་ཡོད།
༡༨
གཞིས་ཆགས་ཁག་གཅིག་ནང་རང་རེའི་གནའ་སྲོལ་དང་མཐུན་པའི་ཁ་རས་བཙེམས་ནས་གཞིས་མི་དང་ཉེ་འཁྲིས་ཡུལ་མི་ཉམ་ཐག་རྣམས་ལ་རིན་མེད་ཐོག་བགོ་འགྲེམས་ཞུས་དང་ཞུ་མུས་ཡིན།
༡༩
གཞིས་ཆགས་ཁག་གི་རྒྱལ་སྒོར་སྒོ་སྲུང་བཞག་སྟེ་གཞིས་མི་རྣམས་ཀྱི་འགྲོ་བསྐྱོད་ཐོ་འགོད་བྱ་མུས་སུ་ཡོད།
༢༠
ལྷོ་གཞིས་ཁག་ནང་ཡོད་པའི་དགོན་སྡེ་རྣམས་ཀྱི་མཐུན་འགྱུར་འོག་གཞིས་ཆགས་ནང་ཉེན་སྲུང་ཡོ་ཆས་དང་གཞན་བཟའ་བཅའ་གྱི་མཐུན་འགྱུར་གནང་འདུག
༢༡
ད་ལྟའི་ཏོག་དབྱིབས་ནད་ཡམས་རྐྱེན་པས་འཚོ་རྟེན་ངེས་མེད་ཀྱི་ཛ་དྲག་དཀའ་སེལ་རོགས་སྐྱོར་ཞུ་རྒྱུའི་ཆེད་བོད་མིའི་སྒྲིག་འཛུགས་ནས་ད་རེས་ཐེངས་གཅིག་ངལ་སེལ་གུན་སྐྱོབས་གནང་རྒྱུའི་འདི་ནས་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༨ འཁོད་ཡོངས་ཁྱབ་གསལ་བསྒྲགས་སོང་དོན་བཞིན། ལས་གཞི་དེའི་འགན་ཁུར་འདི་ནས་ཞུ་མུས་ཡིན།
བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༥ ལ། །

Menu